གྲོས་འདེབས་ལྷའི་བདུད་རྩི། སྒྲ་ཡིག་གཉིས་ཆ་ཚང་།
དྷཱིཿ གྲོས་འདེབས་ལྷའི་བདུད་རྩི་བཞུགས།
དྷཱིཿ སྟོབས་བཅུའི་སྟོབས་ལ་དབང་འབྱོར་རྒྱལ་བའི་སྲས། །དྲན་པ་ཡིས་ཀྱང་སྲིད་རྩ་དྲུངས་འབྱིན་པ། །ཁོ་བོའི་སྐྱབས་གཅིག་འཇའ་ལུས་རྡོ་རྗེ་དེས། །ཁྱོད་བློ་བྱང་ཆུབ་ལམ་དུ་སྒྱུར་བར་མཛོད། ༼༡༽ །དལ་ཅིག་གསོན་དང་ཡིད་གཅུགས་སྙིང་གི་གྲོགས། །འགྲིག་འགྲིག་ཁ་བཤད་མང་པོས་ཅི་བགྱི་སྟེ། །ཟབ་མོའི་ལྷ་ཆོས་བཅུད་བསྡུས་སྙིང་གི་གཏམ། །ཅུང་ཟད་གསོལ་འདི་ཐུགས་ཀྱི་རྒྱན་ཏུ་བཞེས། ༼༢༽ །བཤེས་གཉེན་བསྟེན་པ་ལམ་གྱི་རྩ་བ་སྟེ། །དམ་ཆོས་མཉན་སེམས་ཡོན་ཏན་འཕེལ་བའི་གྲོགས། །དྲི་མེད་ཚུལ་ཁྲིམས་ཕན་བདེ་བྱེ་བའི་གཏེར། །ཏིང་འཛིན་སྒོམ་པ་འཕགས་བཞི་སྐྲུན་པའི་ཡུམ། ༼༣༽།གནད་འགག་བཞི་འདི་བྱང་ཆུབ་སྒྲུབ་པ་ལ། །མེད་མི་རུང་ཞིང་ཡོད་ན་དེས་ཆོག་ཕྱིར། །སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུ་ཡང་། །མ་བརྗེད་ཡིད་ལ་ཟུངས་ཤིག་སྙིང་གི་གྲོགས། ༼༤༽ །བཤེས་གཉེན་དེ་ཡང་ཇི་ལྟར་བསྟེན་ཞེ་ན། །སྙིང་དང་མིག་ལས་ལྷག་པར་གཅེས་བཟུང་སྟེ། །ཅི་གསུང་བཀའ་སྒྲུབ་ངག་གིས་བསྟོད་བསྔགས་བརྗོད། །ལུས་ཀྱིས་བཀུར་ཞིང་མཁོ་དགུ་ཕངས་མེད་འབུལ། ༼༥༽ །ཉིན་པར་སྤྱི་བོར་མཚན་མོ་སྙིང་ནང་དུ། །སྐྱབས་ཀུན་འདུས་པའི་སྤྱི་དཔལ་བླ་མ་བསྒོམ། །དད་མོས་བསྐྱེད་ཅིང་གསོལ་གདབ་དབང་བཞི་བླང་། །ཐུགས་ཡིད་དབྱེར་མེད་ལྟ་བའི་ངང་ལ་འཇོག ༼༦༽ །གང་ལ་ཐོས་བསམ་བྱ་བའི་ཡུལ་དེ་ཡང་། །མདོ་སྔགས་རིག་གཞུང་རྒྱ་མཚོ་གང་ལ་ཡང་། །བསླབ་པར་བྱས་ན་བློ་ཡི་མུན་སེལ་ཞིང་། །འདི་ཕྱིའི་དོན་འགྲུབ་རླབས་ཆེན་ཚོགས་གཉིས་རྫོགས། ༼༧༽ །ཁྱད་པར་ཉམས་ལེན་སྙིང་པོའི་མན་ངག་གནད། །གོ་ལོ་ཐོས་ལོ་ཙམ་དུ་མི་འཇོག་པར། །གཅིག་པུར་འདུག་ཚེ་ཐེ་ཚོམ་མེད་ངེས་ཀྱི། །དཔྱད་སྦྱོང་བྱེད་འདི་ཡལ་བར་འདོར་མི་རུང་། ༼༨༽ །རྣམ་དག་ཚུལ་ཁྲིམས་རྒྱན་དང་བྲལ་གྱུར་ན། །རིགས་གཟུགས་ཐོས་དང་ལྡན་ཡང་མཛེས་མིན་ལ། །སྦྱིན་སོགས་ལེགས་ཚོགས་རྒྱ་མཚོའི་དཔལ་འཆང་ཡང་། །མི་ཕན་ངན་འགྲོའི་གནས་སུ་གོམས་སྟབས་འཁྱོར། ༼༩༽ །ཚུལ་ཁྲིམས་ལྡན་ལ་ཡོན་ཏན་གཞན་མེད་ཀྱང་། །ལྷར་བཅས་འགྲོ་བས་བསྟོད་བསྔགས་མེ་ཏོག་འཐོར། །མ་བསྡུས་པར་ཡང་དཔལ་འབྱོར་ངང་གིས་འདུ། །བདེ་ནས་བདེ་བར་བྱང་ཆུབ་ལམ་དུ་འགྲོ། ༼༡༠༽ །ཆུ་ནི་མ་བཏུངས་སྐོམ་པ་མི་སེལ་བཞིན། །མ་བསྒོམས་ཆོས་ཀྱིས་རྣམ་གྲོལ་མི་འཐོབ་པས། །བློ་ལྡོག་རྣམ་བཞི་སྐྱབས་འགྲོ་སེམས་བསྐྱེད་དང་། །རིམ་གཉིས་རྫོགས་ཆེན་ལམ་མཆོག་བསྒོམ་པར་བྱ། ༼༡༡ ༽ །དེ་དག་ཇི་ལྟར་སྒོམ་པའི་རིམ་པ་ཡང་། །ཀུན་མཁྱེན་བླ་མའི་ལེགས་གསུང་བདུད་རྩིའི་ཆབ། །ཐེག་དགུའི་བཅུད་བསྡུས་སེམས་ཉིད་ངལ་གསོ་ལས། །བསྟན་པ་བཞིན་དུ་རྒྱུད་ལ་འདྲིས་པར་མཛོད།༼༡༢༽།དེ་སྐད་སྨྲས་པའི་དགེ་བས་འགྲོ་ཀུན་གྱི། ། སྒྲིབ་གཉིས་ཉེས་བྲལ་བླ་མེད་བྱང་ཆུབ་ཐོབ། །ཁྱོད་དང་ང་གཉིས་ཚེ་རབས་ཀུན་ཏུ་ཡང་། །མི་ཕམ་རྒྱ་མཚོས་རྗེས་སུ་འཛིན་གྱུར་ཅིག༼༡༣༽།ཅེས་བགྲེས་ལོས་བསྐུལ་ངོར་ངག་དབང་བློ་གྲོས་མཚུངས་མེད་པས་སྤེལ་བ་དགེ་ལེགས་འཕེལ།། །།